ཁ་ས་རྒྱ་གར་རང་བཙན་གྱི་ཉིན་མོར།
ཆར་སིམ་སིམ་རྒྱུན་ཆད་མེད་བབས་ཀྱང་།
དགའ་སྤྲོའི་ངང་གཞས་ཞབས་བྲོར་རོལ།
དེ་རྗེས་འདམ་རྫབ་ཀྱི་ཁེངས་བའི་གསང་ལམ་དུ།
ལག་ན་ཉི་གདུགས་ཐོགས་ནས་འགྲོ་སྐབས།
ཁྱེད་ཀྱི་རང་ལུས་མེར་བསྲེག་བཏང་བའི་གནས་ཚུལ་ཐོས།
ཆར་ཐིག་ཡིན་ནམ་མིག་ཆུ་ཡིན།
ངའི་མཁུར་ཚོས་ཀྱི་རི་སྒང་ཉུལ་ནས།
ངའི་སེམས་ཀྱི་གཤོག་པ་རླན།
ངའི་ཡིད་ལ་སྨུག་པས་གོས་གཡོགས།
དཔའ་བོ་ཚེ་དབང་ནོར་བུ་ལགས།
ཁྱེད་ཀྱིས།
རང་དབང་གི་མེ་ཙག་མཁའ་ལ་ཁྱབ།
འཇིགས་བྲལ་གྱི་འབོད་སྒྲས་ས་གཞི་བསྐང་།
བཙན་གནོན་གྱི་ཆུ་རྙོག་སྟེང་ནས་དཀྲུགས།
ཁྱེད་ཀྱི་ཡོད་ཚད་སྦྱིན་ནས།
ཐོབ་ཤོར་ཀྱི་བསམ་བློ་གཅིག་ཀྱང་མེད་པར།
འབར་བཞིན་པའི་མེ་ལྕེར་གཞོན་ནས།
འཇིག་རྟེན་ཕ་རོལ་ན་གཤེགས།
ཁྱེད་ལ་གཙང་ཆབ་སྔོན་མོ་མཆོད།
ཁྱེད་ལ་ཁ་བས་ལམ་སྣ་འདྲེན།
ཁྱེད་ཀྱི་ལྷག་བསམ་གྱི་རྩམ་པའི་རོ་བཅུད་དེ།
གངས་ཅན་པའི་བླ་སྲོག་གི་གཏེར་སྙིང་ཡིན།
ཁྱེད་ཀྱི་བདེན་པའི་མེ་ཙག་དེ།
ང་ཚོས་སྟོབས་ཤུགས་ཡོད་ཚད་ཀྱིས་གསོ།
ཁྱེད་ཀྱི་འཆི་གསོན་གྱི་སྐུལ་མ་དེ།
ང་ཚོས་ནུས་པ་ཡོད་ཚད་བསྡུས་ནས་འབོད།
ཁྱེད་ཀྱིས་རྐང་རྗེས་ཁྲ་ལམ་ལམ་དེ་དེད་ནས།
ངེད་ཅག་རང་དབང་གི་གོ་འཕང་ཐོབ་ལ་སྙེག
No comments:
Post a Comment