Friday, 27 September 2013

བོད་ནང་མཆེད་འོངས་པའི་སེམས་ཀྱི་མེ་ལྕེ།

Note: This is an essay written by Gangsey or Snow Prince, a pseudonym of a Tibetan living in Lhasa. This is a trenchant analysis of China's rule and what it means to be a Tibetan living in occupied Tibet. 

English translation is available here:


༢༠༡༢ ལོའི་བོད་ལུགས་དུས་ཆེན་དང་དེ་ལས་འཕྲོས་པའི་བསམ་གཞིགས། 
གངས་སྲསཀྱིས་བརྩམས།

སྤྱིར་བཏང་ལོ་རེ་རེའི་བོད་ལུགས་ཀྱི་ས་ག་ཟླ་བ་དང་ཞོ་སྟོན་དུས་ཆེན། དགའ་ལྡན་ལྔ་མཆོད་སོགས་ཀྱི་དུས་ཆེན་ཁག་ནི་ཕྱོགས་ཡོངས་དད་ལྡན་མང་ཚོགས་ཁྲི་སྟོང་མང་བོའི་དད་སེམས་དང་ཡིད་ཆེས་ཀྱི་ཕྱག་སྐོར་ཀློང་ནས་འགོ་རྩོམ་ངེས་ཡིན་ལ་ཁོང་ཚོའི་སྨོན་ལམ་དང་སྤྲོ་དགའི་དད་འདུན་གྱི་ཁྲོད་མཇུག་བསྡུ་སྲིད་པ་ཡིན་མོད། འོན་ཀྱང་ད་ལོའི་དུས་ཆེན་ཁག་ནི་ཉེན་རྟོག་དམག་མི་ཁྲི་སྟོང་མང་བོའི་མེ་མདའི་འཇིགས་སྣང་སྐད་སྒྲ་དང་གོམས་སྟབས་བར་མཇུག་བསྡུས་སོང་། མ་གཞི་དུས་ཆེན་རེ་རེའི་ནང་སྤོ་བོ་ལགས་ཀྱི་བྱམས་བརྩེ་དང་རྨོ་མོ་ལགས་ཀྱི་སྐྱབས་འཇུག ཨ་ཕའི་དགོད་སྒྲ་དང་ཨ་མའི་འཛུམ་མདངས། བུ་ཆུང་ཚེ་རིང་གི་ཞབས་བྲོ་དང་བུ་མོ་སྒྲོལ་མའི་གཞས་དབྱངས་སོགས་བསང་དུད་དང་མཆོད་མེའི་ཀློང་དུ་མཐོང་ཞིང་ཐོས་ཐུབ་པ་དང་དེ་དག་ཡོད་ཚད་ལྷ་ཚོགས་ཀྱི་ཞིང་བཀོད་དུ་ཐིམ་འགྲོ་བ་ཡིན། ཡིན་ནའང་ད་ལོ་ནི་དེ་དག་གི་ཚབ་ཏུ་འཇིགས་སྐྲག་དང་སེམས་ཁྲེལ། དོགས་འདྲི་དང་ཞིབ་བཤེར། གདུག་རྩུབ་དང་བརྙས་བཅོས། བཀག་སྡོམ་དང་བཙོན་འཇུག་སོགས་ལས་མ་འདས། ལྷག་པར་དུ་ད་ལོའི་ས་ག་ཟླ་བར་བོད་རིགས་སྤུན་ཟླ་མང་བོ་ཞིག་ཉེས་མེད་ངང་བཙོན་འཇུག་དང་འདྲི་གཅོད་བཏང་རྗེས་གནས་ནས་སྐྲོད་པར་བྱེད་པའི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་དེ་དག་བོད་མི་རེ་རེའི་སེམས་སུ་ན་ཟུག་གི་མེ་ཕུང་དང་ཞེ་འཁོན་གྱི་སྐྲན་འབུར་ཡིན་པ་སྨོས་མ་དགོས། གཞན་ཡང་བོད་ཁུལ་གཞན་དག་ནས་བོད་རིགས་དད་ལྡན་པ་དང་མང་ཚོགས་ལྷ་སར་མཆོད་མཇལ་དང་གནས་སྐོར་སོགས་ལ་འོངས་པར་རྦད་དེ་བཀག་སྡོམ་བྱས་སོང་།

ང་ཚོ་ཅིའི་ཕྱིར་འདི་ལྟར་ཉེས་མེད་བཙོན་འཇུག་བྱེད་དགོས་སམ།
ང་ཚོར་ཅིའི་ཕྱིར་འདི་ལྟར་འདྲི་བརྩད་བྱེད་དགོས་པ་ཡིན་ནམ།
ང་ཚོ་ཅིའི་ཕྱིར་འདི་ལྟར་ཚོང་ལས་དང་སློབ་སྦྱོང་། ལས་རིགས་གཞན་དག་དང་ཁ་བྲལ་བར་བྱས་ཏེ་སྡོད་དབང་མེད་པར་ཡུལ་གཞན་དུ་སྐྲོད་དགོས་སམ། ཅིའི་ཕྱིར་ང་ཚོ་མི་རིགས་ཡོངས་དོགས་ཡོད་ཉེས་ཅན་དུ་བལྟ་བ་ཡིན་ནམ། ཐ་ན་དགུང་ལོ་བརྒྱད་ཅུ་དགུ་བཅུ་རུ་སླེབས་པའི་སྤོ་བོ་རྨོ་མོ་དང་སློབ་ཆུང་འགྲིམས་པའི་བུ་ཕྲུག་ཚོའང་དོགས་ཡོད་ཉེས་ཅན་ལྟར་བརྩི་བ་ཡིན་ནམ། འདི་ནི་ཁྱེད་ཚོས་བཤད་བཞིན་པའི་ཁ་བྲལ་རིང་ལུགས་དེ་མ་ཡིན་ནམ། མི་རིགས་དབྱེ་འབྱེད་དེ་མ་ཡིན་ནམ། སྒེར་གཅོད་རིང་ལུགས་དེ་མ་ཡིན་ནམ། བྲན་གཡོག་ལམ་ལུགས་དེ་མ་ཡིན་ནམ།

དུས་རབས་ཉེར་གཅིག་པ་ནི་ཐམས་ཅད་འཛམ་གླིང་རང་བཞིན་ཅན་དུ་འགྲོ་བའི་སྐབས་ཡིན་ན་ང་ཚོས་མྱོང་བཞིན་པའི་སྡུག་བསྔལ་འདི་དག་སུ་ཞིག་གིས་རྟོགས་སམ། ད་ལོའི་རྒྱལ་སྤྱིའི་གནད་དོན་གལ་ཆེ་ཤོས་དེ་སེ་རེ་ཡའི་(Syria)གནད་དོན་ཡིན་པ་དང་རྒྱ་ནག་ལ་མཚོན་ན་རྒྱལ་མཚམས་ཀྱི་གླིང་ཕྲན་(Island)རྩོད་རྙོག་དེ་རེད། སེ་རེ་ཡའི་གནད་དོན་ནི་སྒེར་གཅོད་རིང་ལུགས་པའི་བཙོན་དབང་ལས་བྱུང་བའི་མི་བྱེད་ག་མེད་ཀྱི་འོས་ལངས་ཐེངས་ཤིག་ཡིན་པ་དང་ཤིན་ཏུ་ཡིད་སྐྱོ་བ་ཞིག་ཡིན་མོད། འོན་ཀྱང་མི་དམངས་ལ་སྐད་འབོད་བྱེད་པའི་རང་དབང་འདུག རྒྱ་ནག་གི་ས་མཚམས་རྩོད་རྙོག་ལ་མཚོན་ན་དེ་ནི་སོ་སོའི་ཁེ་ཕན་ཁོ་ན་ལས་མ་འདས། གནད་དོན་འདི་གཉིས་ལ་འཛམ་གླིང་གི་རྒྱལ་ཁབ་སོསོའི་སྲིད་འཛིན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐུགས་ཁུར་དང་དོ་སྣང་ཚད་མེད་བྱེད་བཞིན་ཡོད། ཡིན་ནའང་ང་ཚོར་ཐ་ན་གཞི་རྩའི་འགྲོ་བ་མིིའི་ཐོབ་ཐང་ཀྱང་མེད་པའི་གནས་བབས་འདིར་རྣམ་པ་ཚོས་ཐུགས་ཁུར་དང་རོགས་རམ་གནང་བའི་ཚོར་བ་གང་ཡང་བྱུང་མ་སོང་།

ཉེ་ལམ་སུའུ་ཏན་ལྷོ་མའི་(South Sudan)རང་བཙན་དེ་འདེམ་བསྐོའི་སྒོ་ནས་བཙུགས་སོང་། ལེས་པེས་ཡའི་(Libya)དམངས་གཙོ་དེ་དྲག་ཤུགས་ཀྱི་སྒོ་ནས་སྤེལ་སོང་། འབར་མའི་(Burma) རང་དབང་དེ་ཞི་བདེའི་སྒོ་ནས་བསྐྲུན་སོང་། ཡིན་ནའང་ང་ཚོ་ནི་དེ་དག་ལས་ལྡོག་སྟེ་མུན་ནག་གི་དུས་སྐབས་སུ་སླེབས་པར་བྱས་ཡོད། དེ་བས་ང་ཚོ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། རྒྱལ་སྤྱིའི་ཁྲིམས་ཁང་། གཞན་ཡང་རྒྱལ་ཁབ་སོ་སོའི་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཁག་དག་ལ་རེ་བ་མེད་པར་ཆགས་པ་དང་ངང་ངམ་ཤུགས་ཀྱིས་དོགས་པ་ཟ་བར་བྱས་སོང་། ཁྱེད་རང་ཚོས་དཔལ་འབྱོར་གྱི་ཁེ་ཕན་ཁོ་ན་ལས་གཞན་ལ་བསམ་གཞིགས་མི་བྱེད་པའི་ཚོར་བ་ཤུགས་དྲག་བྱུང་སོང་ལ་དེ་བས་ང་ཚོས་ཁྱེད་རྣམ་པའི་རིན་ཐང་གཞན་དག་ཀྱང་མཐོང་ཐུབ་མ་སོང་།

ད་ལོའི་སྟོན་ཁར་ང་རང་ཐེངས་གཉིས་པར་ལྷ་སར་འོངས་དུས་ཕ་ཡུལ་ནས་འབྲེལ་ཡོད་ཀྱི་འཛིན་ཡིག་བླངས་རྗེས་འོངས་པ་ཡིན། མེ་འཁོར་ནང་ངས་མཐོང་བ་མཐའ་དག་ནི་རྒྱ་མི་རྐྱང་རྐྱང་ལས་མ་འདས་ཤིང་། ཁོང་ཚོ་མང་ཆེ་བ་ལྷ་སར་འོངས་ནས་ཁེ་ཕན་འཚོལ་མཁན་འབའ་ཞིག་རེད། ཉིན་རེ་བཞིན་རྒྱ་ནང་གི་ས་ཆ་མང་བོ་ནས་འདི་ལྟར་མེ་འཁོར་ཐེངས་མང་བོ་ཡོང་གིན་ཡོད་པ་དང་མི་དེ་དག་ལས་མང་ཆེ་ཤོས་ནི་རིག་གནས་དང་དཔལ་ཡོན་མེད་པ་དང་བླང་དོར་གྱི་གནས་གང་ཡང་མི་ཤེས་པའི་སྒེར་དོན་རིང་ལུགས་པ་ཤ་སྟག་རེད། ཐ་ན་དེ་དག་གི་ཁྲོད་དུ་ནང་ལོགས་སུ་མི་བསད་རྗེས་བོད་ལ་བྲོས་བྱོལ་བྱེད་པའི་མི་གསོད་ལག་དམར་དང་རྐུན་མ། ཇག་པ། ཁྲམ་པ། མགོ་སྐོར་གཏོང་མཁན། གཞང་ཚོང་མ་སོགས་ངེས་ཅན་ཞིག་འདུ། ང་ཚོ་མཉམ་དུ་ལྷ་སའི་མེ་འཁོར་འབབས་ཚིགས་སུ་འབྱོར་མ་ཐག་ང་ཚོ་བོད་རིགས་ཁ་ཤས་དེ་ཚོ་ཉེན་རྟོག་དམག་མིའི་ཞིབ་བཤེར་དང་མེ་མདའི་འོག་ཁོ་ཚོའི་སྒོ་རྭའི་ནང་ཁྲིད་པ་དང་འཛིན་ཡིག་མེད་ན་ཕྱིར་སྐྲོད་པ་དང་ཡོད་ནའང་འབྲེལ་ཡོད་ཀྱི་ལས་ཀ་ཉིན་གཉིས་གསུམ་ལ་སྒྲུབ་རྗེས་གཞི་ནས་ཉམ་ཆུང་གི་ཙི་ཙི་བཞིན་སྡོད་དགོས། “རླབས་ཆེ་བའི་”རྒྱ་མི་དེ་ཚོ་ནི་ལྷ་སར་འབྱོར་བ་ན་དེ་ལས་ལྡོག་སྟེ་དེ་ལྟ་བུའི་གནད་དོན་ཅི་ཡང་གདོང་ལེན་བྱེད་མི་དགོས་པར་སྔ་ན་མེད་པའི་རང་དབང་ཐོབ་འགྲོ་བ་དང་སྔ་ན་མེད་པའི་གོ་སྐབས་རེག་འགྲོ། ཁོ་ཚོས་མགོ་བོ་ཡང་དགྱེས་ཏེ་མངོན་སུམ་འཛེམ་མེད་ཀྱིས་མི་ལས་དགུ་ལས་བྱས་ཆོག རྒྱུ་མཚན་ནི་ཁོ་ཚོར་མཚོན་ན་རང་དབང་ལུང་བར་འབྱོར་བས་ཡིན། ཁོ་ཚོས་བོད་མི་རིགས་ཀྱི་རིག་གནས་དང་ཀུན་སྤྱོད། ཆོས་ལུགས། སྐད་ཡིག གོམས་སྲོལ། དཔལ་ཡོན་ཐམས་ཅད་དངོས་དང་བརྒྱུད་པའི་སྒོ་ནས་རྩིས་མེད་རྡོག་རལ་དུ་གཏོང་བཞིན་ཡོད། དཔེར་ན་བོད་རིགས་ལ་དྲི་མ་ཁ་ཚུལ་སོགས་བཤད་པ་དངོས་སུ་མཐོང་སོང་ལ། ཁོ་ཚོ་རང་ཉིད་ནི་ཁ་ལུད་གང་སར་འཕེན་པ་དང་གཅིན་སྐྱག་གང་སར་གཏོང་བ། འགྲིམ་འགྲུལ་སྒྲིག་ལམ་མི་བརྩི་བ། ཁོར་ཡུག་སྦགས་བཙོག་བཟོ་མཁན་རྐྱང་རྐྱང་རེད། འདི་ནི་དཀར་ནག་གི་གོ་ལྡོག་པ་མ་ཡིན་ནམ། འདི་ནི་མི་རིགས་འདྲ་མཉམ་ཡིན་ནམ་ཡང་ན་དམགས་གཙོ་རང་དབང་ཡིན། རིག་གནས་འཛུགས་སྐྲུན་ཡིན་ནམ་ཡང་ན་རང་སྐྱོང་སྲིད་ཇུས་ཡིན།

སྤྱིར་བཏང་ཉེན་རྟོག་དམག་མི་མཐོང་དུས་བདེ་འཇགས་ཀྱི་འདུ་ཤེས་ཤིག་དང་དགའ་ཞེན་གྱི་དུ་ཤེས་ཤིག རྒྱབ་རྟེན་སྐྱབས་བཅོལ་གྱི་འདུ་ཤེས་ཤིག་དང་བརྩི་བཀུར་གྱི་འདུ་ཤེས་ཤིག་ཡོད་པ་ཡིན། རྒྱུ་མཚན་ནི་ཁོང་ཚོ་ཚང་མ་རྒྱལ་ཁབ་ཀྱི་ཁྲིམས་འཛིན་པ་དང་བདེ་འཇགས་སྲུང་མཁན་ཡིན་པས་རེད། ཡིན་ནའང་བོད་དུ་དེ་ཚོ་མཐོང་མ་ཐག་འཇིགས་སྐྲག་དང་སྐྱི་གཡའ་བའི་འདུ་ཤེས་ཤིག་དང་སེམས་ཁྲེལ་དང་དོགས་གནས་ཀྱི་འདུ་ཤེས་ཤིག་མ་གཏོགས་ཅི་ཡང་མེད་དེ། རྒྱུ་མཚན་ནི་ཁོ་ཚོས་དབང་ཆ་བཀོལ་ཏེ་རྒྱུ་མཚན་ཡོད་མེད་ལ་མི་བལྟོས་པར་གང་བྱུང་དུ་འདྲི་བརྩད་དང་ཞིབ་བཤེར། ཐ་ན་བཙོན་འཇུག་སོགས་བྱེད་པས་ཡིན། དཔེར་ན་ཐེངས་ཤིག་ང་རང་ལམ་དུ་འགྲོ་སྐབས་ཁོ་ཚོས་ང་རང་ལ་གང་དུ་བསྡོད་ཡོད་པ་དང་ཅི་བྱེད་མཁན་ཡིན་པ། འཛིན་ཡིག་ཡོད་མེད། ད་ལྟ་གང་དུ་འགྲོ་བ་སོགས་དྲིས་པ་དང་ཡང་ན་ཇ་ཁང་གང་དུ་འགྲོ་བའམ་མི་སུ་ཞིག་ལ་ཐུག་འཕྲད་བྱེད་པ་སོགས་དྲིས་སོང་། དེས་ན་ངའི་མི་སྒེར་གྱི་གསང་བའི་རང་དབང་ཟེར་བ་གླེང་ཐབས་མི་འདུག གཅིག་བྱས་ན་གསང་སྤྱོད་གང་ཞིག་ཏུ་འགྲོ་བ་དང་གཅིན་པ་ཐེངས་ག་ཚོད་བཏང་བ་སོགས་ཀྱང་འདྲི་བར་བྱེད། དཔེར་ན་ངའི་གྲོགས་པོ་ཞིག་ཐེངས་ཤིག་ར་མོ་ཆེ་དགོན་པར་འགྲོ་དུས་མི་འདྲ་བའི། “ས་ཚིགས་”ནས་ཐེངས་མ་བདུན་ལ་འདྲི་བརྩད་བྱས་པ་རེད། གཙུག་ལག་ཁང་དང་པོ་ཏ་ལ་སོགས་དེ་བས་ཀྱང་སྨོས་མ་དགོས་པ་ཡིན། དེས་ན་ང་ཚོའི་ལུས་ཕུང་གི་རང་དབང་གང་དུ་ཡོད་དམ། ང་ཚོའི་འགྲོ་འདུག་གི་རང་དབང་གང་དུ་ཡོད་དམ། ང་ཚོའི་སྨྲ་བརྗོད་ཀྱི་རང་དབང་གང་དུ་ཡོད་དམ། ང་ཚོའི་བསམ་བློའི་རང་དབང་གང་དུ་ཡོད་དམ། ང་ཚོའི་རྒྱུ་ནོར་གྱི་རང་དབང་གང་དུ་ཡོད་དམ།

འདི་ལྟ་བུའི་གནས་སྟངས་འོག་ཁོང་ཁྲོའི་མེ་ལྕེ་དེ་ཉིད་བོད་ཁམས་མདོ་དབུས་ཁམས་གསུམ་ཡོངས་སུ་ཁྱབ་པ་དང་བོད་མི་རེ་རེའི་སེམས་སུ་འབར་བཞིན་ཡོད་དེ། རླབས་ཆེ་བའི་རང་རིགས་སྤུན་ཟླ་མི་ཉུང་བ་ཞིག་གིས་རང་ལུས་མེར་བསྲེགས་དང་ཐ་ན་ཕྱི་རྒྱལ་དུའང་དེ་ལྟ་བུའི་དོན་རྐྱེན་བྱུང་བ་རེད། དེ་བས་རང་ལུས་མེར་བསྲེགས་ནི་རང་བཞིན་གྱིས་བྱུང་བ་ཞིག་མ་ཡིན་པར་དེ་ནི་གདམ་གསེས་མེད་པའི་གདམ་གསེས་ཀྱི་ལམ་བུ་ཞིག་ཡིན། ཁོང་ཚོ་ནི་མི་འདྲ་བའི་ས་གནས་དང་མི་འདྲ་བའི་རྒྱབ་ལྗོངས། མི་འདྲ་བའི་ཁྱིམ་ཚང། མི་འདྲ་བའི་ཕོ་མོའི་མཚན་མ། མི་འདྲ་བའི་ལོ་ཚོད་བཅས་ཀྱི་དཔའ་རྒོད་རིང་ལུགས་པ་འབའ་ཞིག་ཡིན་ཏེ། ཁོང་ཚོས་རང་ཉིད་ཀྱི་བླ་ན་མེད་པའི་ཚེ་སྲོག་དང་ལང་ཚོ་ཕ་ས་འདིའི་ཡོད་ཚད་ཀྱི་ཆེད་དུ་ཕུལ་བ་རེད། ཁོང་ཚོ་ནི་རང་ཉིད་འཚོ་གནས་ཙམ་ཞིག་བྱེད་མ་ཐུབ་པ་རྩ་བ་ནས་མ་ཡིན་པར་ཡོད་ཚད་ཀྱི་ཡོད་ཚད་ཕ་ས་འདིའི་མཐའ་དག་གི་དོན་དུ་ཡིན། འདི་ལྟ་བུའི་རླབས་ཆེ་བའི་ཕུགས་བསམ་རིང་ལུགས་ནི་ནམ་ཞིག་མངོན་འགྱུར་བྱེད་ཐུབ་བམ། འདི་ལྟ་བུའི་བློས་གཏོང་ནི་ཁ་ནས་བཤད་པ་ཙམ་མ་ཡིན་པར་རང་ཉིད་ཀྱི་ཟུངས་ཁྲག་དྲོན་མོའི་མཛད་རྗེས་དེ་མི་རབས་ནས་མི་རབས་ལ་ཕུལ་ཟིན་ཡོད་པས། རང་རིགས་དང་རང་རིགས་ཀྱི་ལོ་རྒྱུས་ཀྱིས་ཁོང་རྣམ་པ་ཚོར་ནམ་ཡང་བུ་ལོན་ཆད་པར་ངེས། ཁོང་ཚོས་ང་རང་ཚོ་ཤིན་ཏུ་སེམས་འགུལ་ཐེབས་པར་བྱས་སོང་ལ་སྡུག་བསྔལ་བརའང་བྱས་སོང་། རྒྱུ་མཚན་ནི་ཁོང་ཚོས་ང་རང་ཚོའི་ཆེད་དུ་སོ་སོ་རང་ཉིད་ཀྱི་ཚེ་སྲོག་གི་ཟུངས་ཁྲག་གིས་རང་རིགས་ཀྱི་ལོ་རྒྱུས་སྟེང་ཆེས་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ཆ་ཤས་དེ་བསྐྲུན་ཡོད། འདི་ནི་ཕ་ས་འདིས་བརྗེད་མི་རུང་བ་དང་ཕ་ས་འདིའི་མི་རེ་རེས་བརྗེད་མི་རུང་བ་ཞིག་ཡིན། ང་ཚོའི་མི་རབས་འདི་ནི་འདི་ལྟ་བུའི་བློས་གཏོང་གི་འགན་འཁྲིའི་དུས་རབས་ཤིག་ཡིན་པ་རེད། གཞན་དག་གིས་སྐད་བརྒྱབ་སྟེ་ཁྲོམ་སྐོར་བྱས་ནས་མི་འདོད་པའི་ངོ་རྒོལ་མཚོན་པར་བྱས་ཆོག་མོད། འོན་ཀྱང་ང་ཚོས་ཅིའི་ཕྱིར་གཅེས་སྲོག་གིས་ངོ་རྒོལ་བྱེད་དགོས་པ་འདི་ཅི་ཡིན་ནམ། ཁོང་ཚོས་ང་ཚོའི་འཕེལ་རྒྱས་ཀྱི་ལམ་བུ་དང་ཕ་ས་འདི་ཉིད་ཀྱི་མཚར་སྡུག་གི་མ་འོངས་པའི་བགྲོད་ལམ་ལ་རང་ཉིད་ཀྱི་གཅེས་སྲོག་གི་ཟུངས་ཁྲག་དང་ལང་ཚོའི་ལོ་ཟླས་རྨང་བཏིང་ཡོད། ང་ཚོ་ཁོང་རྣམ་པའི་ལམ་བུའི་རྨང་རྡོ་ལ་བརྟེན་ནས་རི་རྩེར་སྙེག་དགོས་ཨང།

མཇུག་མཐར། ང་ཚོས་ཀྲུང་གོའི་འགོ་ཁྲིད་པ་དག་ལ་བཤད་འདོད་པའི་རེ་བ་ཞིག་ནི། དངོས་དོན་ལ་གདོང་ལེན་བྱེད་མི་འདོད་པ་ཕུད་ཁྱེད་ཅག་གིས་ང་རང་ཚོ་བཙོན་དུ་འཇུག་པ་དང་འདྲི་བརྩད། བཀག་སྡོམ་སོགས་བྱེད་པ་ལས་ང་ཚོ་དང་མཉམ་དུ་བགྲོ་གླེང་བྱེད་པ་དེ་ནི་ཐབས་ལམ་བཟང་ཤོས་དེ་ཡིན། གད་སྲིད་འགྱུར་བ་གང་ཡང་གཏོང་མི་འདོད་ན་ཁྱེད་རང་ཚོ་ང་ཚོའི་སྣེ་ཁྲིད་པ་བྱེད་པའི་ཐོབ་ཐང་ཤོར་ཚར་བ་དང་སྤུན་ཟླ་མི་རིགས་བྱེད་པའི་རིན་ཐང་ཡང་བརླགས་ཟིན་པ་རེད། འདི་ནི་ཁྱེད་རང་ཚོའི་ཕམ་ཁ་ཡིན་ལ་འཛམ་གླིང་འདིའི་སྐྱོ་གརའང་ཡིན།






No comments:

Post a Comment