Sunday 5 February 2017

མཁས་དབང་ཨེ་ལིའོ་ཊི་སྤེས་ལིང་མཆོག་ལ་ཕུལ་བ།


for Prof. Elliot Sperling (1951-2017)

ངེད་ཅག་འཁྱམ་པོའི་ཁྱུ་ཚོགས་ཐག་རིང་གི་ཡུལ་ན།
བརྩེ་བའི་སེམས་གཅོང་ངལ་དུབ་ཉིན་དང་མཚན་བཏུད་ཀྱང།
འཆི་བདག་གཤིན་རྗེའི་བཀའ་ལ་ལྡོག་ཐབས་ནི་མི་འདུག
འཚོ་བའི་ངར་སྐད་ཁྲོད་དུ་མདུན་སྐྱོད་འདི་བྱེད་སྐབས།
སྐུ་ཉིད་མཉམ་དུ་མེད་པའི་ཡིད་སེམས་གཉིས་སྐྱོ་ཡང།
འཁོར་བའི་སྣ་ཐག་འདི་ལ་གཡོལ་ཐབས་ནི་མི་འདུག
དེ་རིང་འུ་ཅག་རྡ་སའི་རི་རྩེ་འདིར་བསྡུས་ནས།
དམ་པ་ཁྱེད་ཀྱི་ཆེད་དུ་དྲན་རྟེན་གྱི་འདུ་འཛོམས།
ནམ་མཁའ་སྔོན་པོའི་སྟེང་གི་སྐར་ཚོགས་ལྟར་མིན་ཡང།
ཁྱེད་ཉིད་དྲན་པའི་གདུང་བ་རྒྱ་མཚོ་ཡི་རྦ་རླབས།
ཕྱོགས་བཞིར་གཡོ་བའི་ཤུགས་སྒྲ་ན་བུན་བཞིན་འཁྱམ་ནས།
རྡོ་ལ་རྡར་གྱི་རི་རྩེར་སྐད་ཅིག་ལ་བཞུད་སོང།
འཇིག་རྟེན་ཕ་རོལ་དེ་ནས་མིག་བལྟ་ཞིག་གནང་རོགས།
ངེད་ཅག་བོད་མིའི་ལས་དབང་རླུང་རྟ་ཡི་སྐྱོད་ཕྱོགས།
ཁྱེད་དང་ཁྱེད་འདྲ་མཁས་པའི་རྒྱབ་སྐྱོར་ལ་རྟེན་ཡང།
ཁྱེད་ནི་མི་རྟག་སྒྱུ་མའི་གར་འཁྲབ་ནས་བུད་དེ།
འུ་ཅག་ཆ་རྒྱུས་མེད་པའི་རྒྱ་ལམ་གྱི་འགྲུལ་བ།
གར་འགྲོ་ཆ་མེད་ངང་ནས་ཡུད་ཙམ་རེ་ལུས་ཀྱང།
རི་རྩེ་མཐོན་པོའི་འབྲོང་བཞིན་དཔའ་ངར་ཞིག་སྐྱེས་ནས།
རང་དབང་གཞུང་ལམ་ཆེན་མོར་མདུན་སྐྱོད་ནི་ལོས་བྱེད།
གཤིན་རྗེའི་ཕོ་ཉའི་མི་རྟག་དྲན་སྐུལ་ལ་རྟེན་ནས།
ལན་ཅིག་མཇལ་བའི་སྐལ་བ་མི་ཚེ་འདིར་མེད་ཀྱང།
ཕྱི་མ་བསྐྱར་དུ་མཇལ་བའི་སྨོན་ལམ་ཞིག་ཕུལ་ལོ།


No comments:

Post a Comment